རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་གྱི་སྲོག་གཏད་བྱུང་ཚུལ།


འཇམ་མགོན་རྒྱལ་བའི་བསྟན་སྲུང་རྡོ་རྗེ་ཤུགས་ལྡན་རྩལ་གྱི་སྲོག་གཏད་ཀྱི་དབང་བྱུང་ཚུལ་ནི། ༧རྗེ་ཕ་བོང་ཁ་བདེ་ཆེན་སྙིང་པོའི་གསུང་གི་གྲས། འཇམ་མགོན་རྒྱལ་བའི་བསྟན་སྲུང་རྡོ་རྗེའི་མཚན་ཅན་གྱི་སྲོག་གཏད་ཀྱི་ཆོ་ག་བྱིན་རླབས་རིན་ཆེན་འདྲེན་པའི་ཡིད་ཆེས་ནོར་བུའི་ཤིང་རྟ་ཤིན་ཏུ་བཀའ་རྒྱ་ཅན་ལས།

།དེ་ལ་འདིར་ཚང་ལ་མ་ནོར་བའི་བསྟན་པའི་སྙིང་པོ་བློ་བཟང་རྒྱལ་བ་གཉིས་པའི་རིང་ལུགས་དྲི་མ་མེད་པ་སྲུང་ཞིང་སྐྱོང་བ་ལ་ཐུགས་བསྐྱེད་འཕྲིན་ལས་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ། བྱིན་རླབས་ཀྱི་རོལ་པ་མངོན་སུམ་སྦར་བཅངས་སུ་སྦྱིན་པར་མཛད་པའི་བསྟན་སྲུང་ཆེན་པོ་རྡོ་རྗེ་ཤུགས་ལྡན་རྩལ་གྱི་སྲོག་གཏད་ཀྱི་བཀའ་ཟབ་མོ་སྔ་སོར་བླ་མ་རིན་ཆེན་དབང་རྒྱལ་གྱི་ཡིག་ཆའི་སྟེང་ནས་གནང་སྲོལ་ཟབ་མོ་དེ་ལྟར་ཡང་དུས་ཕྱིས་དབང་རྒྱུན་ལྟ་ཅི། རྗེས་ཆོག་གི་ཡིག་ཆ་ཙམ་ཡང་ནམ་མཁའི་མེ་ཏོག་གི་སྤུན་ཟླར་གྱུར་པ་ལྟ་བུར་མ་རྙེད་ཅིང་། ཆོས་སྐྱོང་ཆེན་པོ་རང་ཉིད་ནས་ངོས་ལ་དབང་བཀའ་གསར་དུ་རྩོམ་དགོས་ཀྱི་བཀའ་ལན་གཉིས་ཙམ་ཕེབས་ཤིང་། རང་གི་ཉམས་དང་སྦྱར་བའི་སྲོག་དབང་ལན་རེ་གཉིས་ཙམ་སློབ་མ་འགའ་རེ་ལ་ཆིག་བརྒྱུད་དུ་སྤེལ་བ་དང་། ཡིག་ཆའི་ས་བོན་ཙམ་བཀོད་པ་ཡོད་ཀྱང་། དེ་ཙམ་ལ་འཕྱོན་མའི་བུ་ལྟར་ཡིད་རྟོན་པ་མ་ནུས་པས། སླར་ཡང་བདག་གི་སྐྱབས་གཅིག་ངེས་པ་དོན་གྱི་རྡོ་རྗེ་འཆང་ཁྱབ་བདག་སྟག་ཕུ་བ་ཆེན་པོར་རྒྱུ་མཚན་ཞིབ་གསོལ་དང་བཅས་རང་གིས་བྱས་པའི་ཡིག་ཆའི་ས་བོན་རྣམས་ཕུལ་ཏེ་གསོལ་བ་བཏབ་པར། རྡོ་རྗེ་འཆང་ཆེན་པོ་གང་ཉིད་ནི་ཚུར་མཐོང་གདུལ་བྱའི་སྣང་ངོར་ཤིན་ཏུ་སྦས་པའི་བརྟུལ་ཞུགས་ཀྱི་ཚུལ་འཛིན་པ་ལས། དོན་དུ་དག་པ་རབ་འབྱམས་རྒྱལ་བའི་འཁོར་ལོ་དང་ཐབས་ཅིག་པ་རྒྱུན་དུ་རོལ་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་ཕལ་གྱི་བློའི་རྭ་བ་ལས་འགོངས་པ་ཇི་སྙེད་ཅིག་བཞུགས་པ་ཆ་ཤས་ཙམ་གསང་རྣམ་གྱི་གླེགས་བམ་དུ་བཞུགས་པ་ལྟར་ལ། འདིར་རྒྱལ་ཆེན་འདི་ཉིད་ཀྱི་སྲོང་དབང་ཟབ་མོ་འདི་ཉིད་གསན་ཚུལ་གྱི་ལོ་རྒྱུས་ཀྱང་རྗེ་བླ་མ་རྡོ་རྗེ་འཆང་ཉིད་ཀྱི་གསུང་ལས། རྟག་ཏུ་འཁྲུལ་ཡང་ཉིང་འཁྲུལ་བག་ཆགས་སྡེབས། བླ་མའི་བཀའ་བཞིན་གསོལ་བ་བཏབ་པའི་མོད། །ཡིད་དགའི་ཞིང་སླེབ་པངྨའི་ངད་ལྡན་དྲུང་། །འདོད་དོན་གསོལ་བས་དགྱེས་ཞལ་འཛུམ་བག་བཅས། །གསུང་སྐྱེས་སེམས་དཔའ་ཆེན་པོར་དགོངས་པ་གཏད། །རཱ་ཛཱ⁠⁠⁠⁠་གདོང་ལྔའི་ཁྲི་གསེབ་ནས་དྲངས་ཏེ། མངག་གཞུག་གཏད་པ་བླ་མའི་གསུང་དང་མཐུན། །མི་འདྲའི་ཁྱད་པར་ཅུང་ཟད་ཁ་བསྐངས་ཏེ། །པངྨའི་མིང་གིས་དགའ་བའི་ཚལ་དུ་བཀོད། །དགེ་བས་བླ་མའི་སྐུ་ཚེ་མཛད་འཕྲིན་རྒྱས། །བུ་སློབ་སེམས་(འདུལ་འཛིན་པར) མཐུན་ཆོས་འབྱོར་བདེ་དགའ་འཚོ། །ཁྱད་པར་འཇམ་མགོན་རིང་ལུགས་རྒྱས་གྱུར་ཅིག །ཅེས་གསུངས་པ་ལྟར། ཁོ་བོས་ཕུལ་བའི་ས་བོན་དང་། བླ་མ་རྡོ་རྗེ་འཆང་ཉིད་ཀྱི་གཟིངས་སྣང་གི་ཉེ་བརྒྱུད་ཟབ་མོ་གུང་བསྒྲིགས་ཏེ་སྩལ་བ་ལྟར་གྱི་ཆོ་གར་ལྷན་ཐབས་ཀྱང་བསྲེས་ཏེ་ནག་འགྲོས་སུ་དགོད་པ་ལ། །ཞེས་དང་།

༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་ནས་ཀྱང་།


ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་རྩལ་གྱི་སྲོག་གཏད་ཀྱི་བཀའ་དབང་ཟབ་མོ་ནི་གོང་གསལ་ལྟར་དང་པོར་བླ་མ་རིན་ཆེན་དབང་རྒྱལ་མཆོག་དང་། གཉིས་པར་༧རྗེ་ཕ་བོང་ཁ་པ་བདེ་ཆེན་སྙིང་པོ་བྱམས་པ་བསྟན་འཛིན་འཕྲིན་ལས་རྒྱལ་མཚོ་མཆོག །གསུམ་པར་སྟག་ཕུ་རྡོ་རྗེ་འཆང་པདྨ་བཛྲ་མཆོག་ལ་དག་སྣང་བྱུང་ནས་རིལ་པས་དར་ཁྱབ་ཏུ་ཕྱིན་པ་ཡིན། ལྷག་པར་དུ་སྟག་ཕུ་རྡོ་རྗེ་འཆང་ལ་དག་སྣང་བྱུང་ཚུལ་ནི། ༧རྗེ་བདེ་ཆེན་སྙིང་པོ་མཆོག་ནས་དམ་པའི་ཆོས་ལ་བརྒྱ་ཚ་དང་གལ་པོ་ཆེ་ལ་ནན་གཏན་གསུང་པ་ལྟར། ཁོང་ལ་བྱུང་བའི་དག་སྣང་ཙམ་གྱི་ཐུགས་ཡིད་མ་ཚིམ་པར་སྟག་ཕུ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། ༧རྗེ་བདེ་ཆེན་སྙིང་པོས་གསོལ་བ་འདེབས་པ་བཞིན་སྟག་ཕུ་རྡོ་རྗེ་འཆང་མཆོག་དག་པ་ཡེ་ཤེས་ཀྱིས་རང་སྣང་ལས་དགའ་ལྡན་དུ་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་སྐུ་མདུན་ནས་གསན། དེ་ནས་སྟག་ཕུ་རྡོ་རྗེ་འཆང་ནས་༧རྗེ་བདེ་ཆེན་སྙིང་པོ་མཆོག་ལ་གནང་བ་རེད། འོན་ཀྱང་སྙིགས་མའི་དུས་འདིར་ལྷ་འདྲེ་མི་གསུམ་གང་ཡིན་མ་ངེས་པར་ཁོག་ཞུགས་པ་ཞིག་ནས་འདི་ལྟར།
ཤོག་ངོས་༣༡་ཐིག་འཕྲེང་༩་ན། རྒྱུ་མཚན་ལ་དཔྱད་པ་བྱས་ན། སྔོན་མ་ལོ་གཅིག་ངས་གནས་ཆུང་ལ་དོལ་རྒྱལ་གྱི་སྲོག་གཏད་འདི་སྟག་ཕུ་རྡོ་རྗེ་འཆང་གིས་གནང་བ་དང་། དེ་ནི་ཁོང་ལ་དག་སྣང་བྱུང་བ་ཞིག་ཡིན་པས། ཁུངས་བཙན་པོ་མ་རེད་དམ་ཞུས་པས། ཆོས་སྐྱོང་གིས་དག་སྣང་ལ་རྩ་གསུམ་ལྷ་ཡི་བྱིན་རླབས་ཀྱི་ཐོག་ནས་བྱུང་བའི་དག་སྣང་གཅིག་དང་། བར་ཆད་ཀྱི་དབང་གིས་བྱུང་བའི་དག་སྣང་གཅིག་སྟེ་གཉིས་ཡོད། འདི་བར་ཆད་ཀྱི་དབང་གིས་བྱུང་བའི་དག་སྣང་དེ་ཨེ་ཡིན་གསུང་གི་འདུག སྟག་ཕུ་རྡོ་རྗེ་འཆང་གི་གསུང་ནང་བོན་ཆོས་འགའ་ཡང་སློབ་མའི་ཞུས་ངོར་ཚུད་ཡོད་པ་རྗེས་སུ་ཕ་བོང་ཁ་རིན་པོ་ཆེས་དག་ཞུས་ཀྱིས་ཕྱིར་འདོན་གནང་བ་ཡིན་ཞེས་རིན་པོ་ཆེས་༧གླིང་རིན་པོ་ཆེར་བཀའ་གནང་བ་ཁོ་བོར་གསུང་མྱོང་། བར་ཆད་ཀྱི་དབང་གིས་ཡིན་པ་ཕལ་ཆེར་ར་འཕྲོད་པ་རེད། ཅེས་གསུངས་འདུག

སྟག་ཕུ་རྡོ་རྗེ་འཆང་མཆོག་ནི། དམ་པ་དེ་ཉིད་དགུང་ལོ་ཞེ་དྲུག་ཕེབས་སྐབས། གོང་ས་བཅུ་གསུམ་པ་མཆོག་གིས། མཚན་བཟང་གསེར་གྱི་བཀའ་ལུང་སྤྱིར་བོར་ཕེབས་ཏེ་བཀའ་བབ་དུས་སུ་སྨིན་པ་བསམ་ཡས་གཉིས་པ་གསང་སྔགས་དཔལ་གྱི་སྒྲིབ་སྡེ་དགེ་ལྡན་ལུགས་བཟང་ཀུན་འཕེལ་གླིང་ཕྱག་བཏབ། དུས་མཚུངས་《ཁྱབ་བདག་སྟག་ཕུའི་ཨར་གཞས》ལེའུ་སུམ་ཅུ་ལྷག་ཙམ་ལྗགས་རྩོམ་གནང་བ་དང་། གར་དང་རས་པ་ལ་སོགས་རིག་རྩལ་གསར་སྤེལ་གནང་ནས། ཆོས་དང་འཇིག་རྟེན་འདི་དང་ཕྱི་མ། འདས་དང་མ་འོངས་སོགས་བརྗོད་བྱའི་དོན་ཕུན་སུམ་ཚོགས་ལ་བརྗོད་བྱེད་ཚིག་གི་སྦྱོར་བ་ཁྱད་དུ་འཕགས་པ། སྙན་པའི་དབྱངས་མཛེས་པའི་ཞབས་བྲོ་སོགས་མི་རྣམས་ཡིད་དབང་འཕྲོག་ཅིང་སྒྱིད་ལུག་དང་ངལ་དུབ་ལས་སད་དེ་ལས་ལ་བརྩོན་པ་མ་ཟད། རྒྱུན་དུ་མི་རྣམས་ཀྱི་འཚོ་བ་དང་ཀུན་སྤྱོད་ཐོག་སྤང་བླང་ཀྱི་གཞི་འཛིན་ས་ཞིག་རྩིས་ཏེ་སྤྱི་བོར་བཀུར། ཁོང་གིས་དགེ་འཕེལ་བྱང་ཆུབ་གླིང་དུ་སྒྲུབ་པ་མཛད་པའི་ཚེ། ཙ་རི་མཁའ་འགྲོ་སྙིང་རྫོང་གི་གསང་གསུམ་གྱི་ཡོན་ཏན་ལྷུན་གྱི་གྲུབ་པའི་གཟིགས་མོར་ཤར་ནས་གནས་སྒོ་དབྱེ་ཞིང་བྱིན་བརླབས་མཛད། དེ་ནས་བཟུང་ད་བར་སྐྱེ་བོ་སེར་སྐྱ་ཀུན་གྱི་འདི་ཕྱིའི་བསོད་ནམས་གསོག་པའི་ཞིང་ས་ཁྱད་པར་ཅན་ཞིག་རྩིས་ཏེ་ཆོས་དད་མང་ཚོགས་ཚོས་ཟམ་མ་ཆད་པ་ཕྱག་སྐོར་དང་གསོལ་འདེབས་བྱེད་ཀྱི་ཡོད་པ་རེད། དམ་པ་དེ་ཉིད་སྐབས་ཤིག་རིང་། གོང་ས་བཅུ་གསུམ་པ་མཆོག་གི་བོད་ཡོངས་ལ་གཏེར་མིན་གཏེར་རྫུ་ཡི་སེལ་ཞུགས་གླེང་ཕྱོགས་སེལ་བའི་ཆེད་དུ་བཀའ་བཀྱོན་གྱི་སྐབས་དང་བསྟུན་ནས་བོད་གཞུང་གི་བཙོན་བཅུག་བྱས་ཏེ་མེར་བསྲེགས་གཏོང་གྲབས་བྱེད་སྐབས། རྫུ་འཕྲུལ་ངང་ཡེ་ཤེས་ཀྱི་མེ་འབར་ཞིང་། གཞན་གྱི་མེ་སྤར་བའི་བརླག་མ་རྙེད་པར་བཙོན་ཁང་སྒོ་ལྕགས་རྣམས་རྫུ་འཕྲུལ་གྱི་བཀོད་པ་སོ་སོར་འཐོར་སྐབས་བཙོན་སྲུང་དམག་མི་རྣམས་དད་པ་དབང་མེད་དུ་སྐྱེས་ནས་མཚོན་ཆ་རང་སར་བཞག་སྟེ་གུས་པའི་ཕྱག་མཚལ་ནས་འགྱོད་བཤགས་ཕུལ། འགའ་ཞིག་དེ་རང་དུ་སྡོམ་པ་ཞུས་ནས་གྲྭ་པ་སྒྲུབ་པ་སོགས་བཤད་རྒྱུན་ཡོད།
དེ་རྗེས་བོད་གཞུང་གི་སྐུ་དྲག་འགའ་ཞིག་གིས་གསོལ་སྟོན་གདན་ཞུས་ཚུལ་གྱིས་དུག་ཕྲལ་ཏེ་བཀྲོང་རྩིས་བྱས་སྐབས། དུག་བླུགས་པའི་དཀར་ཡོལ་ཕྱག་གིས་ཁ་སྡམ་སྟེ་ཨམ་ཕྲག་དུ་བཅུག་གནང་ནས། འདི་ནི་ངས་རྙེད་པར་དཀའ་བའི་སྨན་ཡིན་ཞེས་གསུངས་ནས་ཕྱིར་ཕེབས། ཕ་ཡུལ་དུ་ཕེབས་རྗེས་སུ་དུག་དེ་དུག་ནད་གསོ་བའི་སྨན་དུ་བསྒྱུར་ཏེ། དགུ་ཕོག་པ་ནད་པ་བཅུ་དྲུག་ལ་སྲོག་སྐྱོབ་གནང་བའི་གནས་ཚུལ་རྒན་རབས་རྣམས་ཀྱི་དངོས་སུ་མཐོང་ཚུལ་བཤད་རྒྱུ་ཡོད།
གང་དེའི་མཛད་པ་དེ་དག་བཅུ་གསུམ་པ་ཆེན་པོས་མཁྱེན་རྗེས། གོང་ས་མཆོག་གི་སྐུ་གེགས་སེལ་ཕྱིར། སྟག་ཕུ་གཏེར་ཆེན་མཆོག་ལ་ཚེ་སྒྲུབ་མཛད་དགོས་པའི་བཀའ་ཕེབས་པ་ལྟར། ཚེ་སྒྲུབ་མཛད་སྐབས་ཚེ་རིལ་མང་པོ་འཕེལ་ཞིང་། ཚེ་མདའ་ཡང་མཐོ་གང་ཙམ་རིང་དུ་སོང་། མཐར་ཚེ་འདའ་དེ་ཚེ་མདུད་གནང་ཏེ། སྐྱབས་མགོན་མཆོག་ལ་ཕུལ་བས་སྐྱབས་མགོན་མཆོག་ཐུགས་དགྱེས་ཚོར་ཆེན་པོས་གཏེར་ཆེན་མཆོག་ལ་མཚན་སྙན་དང་གོ་གནས་བསྩལ་བ་མ་ཟད། ཐུབ་བསྟན་རྒྱ་མཚོ་མཆོག་གི་ཐུགས་ཡིད་ཆེས་པའི་བླ་ཆེན་དུ་གྱུར། ཚེ་མདུད་གནང་བའི་ཚེ་མདའ་དེ་ད་ལྟ་ཐུབ་བསྟན་རྒྱ་མཚོའི་གསེར་གདུང་གི་ནང་རྟེན་གཙོ་བོའི་གྲས་སུ་བཞུགས་ཡོད་བཅས་བཤད་སྲོལ་ཡོད།
གང་དེའི་གསང་རྣམ་ལས། དྲུག་ཅུའི་ཁང་རྒན་མེ་ལ་བསྲེགས། ། ཉི་ཟླ་གཉིས་ཀྱང་དགུང་ལ་ཡལ། །ཞེས་གསུངས་པ་བཞིན། བོད་ཤིང་ཕག་(སྤྱི་ལོ་༡༩༣༥)ལོར་བོད་ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་སྟག་ཕུ་རྡོ་རྗེ་འཆང་དགོངས་པ་ཆོས་དབྱིངས་སུ་གཤེགས་པ་དང་། ཚེས་ཉེར་བཞི་ཉིན་གསང་ཡུམ་ཞི་བར་གཤེགས་སོ།
ཁོང་གི་གསུང་རྩོམ་ད་དུང་།《གར་གྱི་དབང་ཕྱུག་པའི་འཁྲུལ་འབྱམས་གསང་བའི་ལོ་རྒྱུས་རྒྱ་ཅན་སྐོར་》དང་《དཔལ་སྟག་ཕུའི་གསང་ཆོས་རྒྱ་ཅན་བཅུ་གསུམ་གྱི་སྨིན་བྱེད་དབང་ཆོག་ཆུ་འབབས་སུ་བཀོད་པ་དོན་གཉིས་འབྲས་བུས་བརྗིད་པའི་ཡོངས་འདུའི་དབང་པོ》མཆོག་དམན་མགྲོན་ལ་བས་བསང་དང་གསེར་སྐྱེམས་འབུལ་ཚུལ་དང་། འཕྲིན་བཅོལ། སྙན་དར་སྨོན་ཚིག བླ་མའི་རྣལ་འབྱོར་གྱི་གསོལ་འདེབས། གསུང་མགུར་ཞལ་གདམས་སོགས་ཆོས་ཚན་དྲུན་ཅུ་ལྷག་ཙམ་ཕྱོགས་གཅིག་ཏུ་བསྡེབས་པ་པོད་གཉིས་ཙམ་བཞུགས་པ་སོགས་ལོ་རྒྱུས་ཡིག་ཆ་ཁག་ནང་བཀོད་འདུག རྣམ་པ་ཐར་པ་དེ་ལྟ་བུར་དང་ལྡན་པའི་བླ་མས་ལྷ་འདྲེ་གང་ཡིན་དབྱེ་བ་མ་ཆོད་པ་ཨེ་ཡིན། བོད་པའི་སྤྱི་ཚོགས་ཕྲོད་དུ་གནས་ཆུང་སྐུ་རྟེན་ལ་ཉག་སྤྲུལ་ཞུགས་པ་དང་ལུང་ལོག་རྒྱབ་པ་སོགས་ཀྱི་རྙོག་གླེང་བརྗོད་ཀྱི་མི་ལང་བ་ཡོད་ཀྱང་རྡ་རམ་ས་ལ་ནས་ལྷ་འདྲེ་དང་བདེན་རྫུན་གྱི་ཁྱད་པར་མེད་པ་ཆབ་སྲིད་ཀྱི་ཆེད་དུ་སྐུ་རྟེན་བེད་སྤྱོད་གཏོང་བཞིན་པར་ནི་དོན་མི་ཟ། གནས་ཆུང་ཁོག་ཞུགས་དེ་ལྟ་བུས་གྲུབ་ཆེན་སྟག་ཕུ་རྡོ་རྗེ་འཆང་ལ་སྨད་པ་དེས་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ནང་འཁོད་པའི་རྒྱལ་བ་བཅུ་གསུམ་པར་སྨན་ལོག་ཕུལ་ནས་རྒྱང་ཕུད་བཏང་བའི་གནས་ཆུང་སྐུ་རྟེན་སྐོར་གྱི་ལོ་རྒྱུས་རྣམས་ཡིད་ལ་དབང་མེད་དུ་འཁོར།

གནས་ཆུང་ཁོག་ཞུགས་དེས་ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་རྩལ་གྱི་སྲོག་གཏད་ཀྱི་བཀའ་དབང་ཟབ་མོ་དེ་སྟག་ཕུ་རྡོ་རྗེ་འཆང་པདྨ་བཛྲ་མཆོག་ལ་དག་སྣང་བྱུང་བར་་ཁས་ལན་འདུག །འོན་ཀྱང་རྒྱལ་བ་རིན་པོ་ཆེ་མཆོག་ནས།  <དོལ་རྒྱལ་སྐོར་གྱི་ལམ་སྟོན་བཀའ་སློབ་དེབ་གཉིས་པ།>ཤོག་ངོས་༨༧་པའི་ཐིག་འཕྲེང་༡༧་ན། བར་སྐབས་ཡོངས་གྲགས་ལྟ་བུར་སྟག་ཕུ་པདྨ་བཛྲ་ལ་དོལ་རྒྱལ་སྲོག་གཏད་ཀྱི་དག་སྣང་བྱུང་ཚུལ་དང་། དག་སྣང་འདི་དོལ་རྒྱལ་སྲུང་མ་ཚད་ལྡན་ཡིན་པར་སྒྲུབ་བྱེད་དུ་འགོད་མཁན་ཡོད། སྟག་ཕུ་པདྨ་བཛྲ་ནི་བསམ་གྱིས་མི་ཁྱབ་པའི་སྐྱེས་བུ་དམ་པ་ཞིག་ཡིན། ཁོང་ལ་དག་སྣང་བྱུང་བ་ཁག་ཕྱོགས་བསྒྲིགས་ཀྱིས་ཤིང་དཔར་བརྐོས་པའི་ཕྱག་དཔེ་ཞིག་ཐོན་འདུག །ངོས་ལ་བར་སྐབས་དཔེ་ཆ་དེ་འབྱོར་བྱུང་། དེའི་ནང་སྟག་ཕུ་པདྨ་བཛྲ་ལ་སྐུ་ཚེའི་སྟོད་དུ་དག་སྣང་བྱུང་བ་མང་པོ་ཞིག་འཁོད་འདུག་ལ། ཡང་༧སྐྱབས་རྗེ་ཕ་བོང་ཁ་དང་མཇལ་བའི་སྐོར་ཡང་འཁོད་འདུག སྐབས་དེ་དང་དེའི་དུས་སུ་དག་སྣང་གང་བྱུང་བ་ཁག་ཀྱང་འཁོད་འདུག །དངོས་གནས་བྱས་ན་ཤུགས་ལྡན་གྱི་སྲོག་གཏད་དེ་སྟག་ཕུའི་དག་སྣང་ཡིན་ན། དག་སྣང་ཕྱོགས་བསྒྲིགས་ཀྱི་དཔེ་ཆ་དེའི་ནང་ངེས་པར་འཁོད་དགོས་ངེས་ཡིན་ཡང་དེ་སྐོར་ཟུར་ཙམ་ཡང་འཁོད་མེད། ཤུགས་ལྡན་གྱི་སྲོག་གཏད་འདི་སྟག་ཕུའི་དག་སྣང་ཡིན་མིན་ཐད་ངེས་པར་རྩད་ཞིབ་བྱེད་དགོས་པ་འདུག །དཔེ་ཆ་འདི་བོད་ནང་པར་བརྒྱབ་པ་ཞིག་ཡིན་པ་དང་། ངོས་ལ་ཕྱག་དཔེ་འབྱོར་རྗེས་མཇལ་རྒྱུའི་གོ་སྐབས་བྱུང་། སྟག་ཕུ་པདྨ་བཛྲ་བསམ་གྱིས་མི་ཁྱབ་པའི་སྐྱེས་བུ་དམ་པ་ཞིག་ཡིན་པ་ཧ་ཅང་གསལ་པོ་འདུག །བར་སྐབས་ཡོངས་གྲགས་ལྟ་བུར་བརྗོད་བཞིན་པའི་དོལ་རྒྱལ་གྱི་སྲོག་གཏད་ཀྱི་སྐོར་འདི་སྟག་ཕུའི་དག་སྣང་ཕྱོགས་བསྒྲིགས་ཀྱི་ཕྱག་དཔེ་དེའི་ནང་འཁོད་མེད། དེ་ནི་ཡ་མཚན་ཆེན་པོ་ཞིག་དང་། ཐེ་ཚོམ་གྱི་གཞིར་སྣང་བས་ངེས་པར་ཉམས་ཞིབ་བྱེད་དགོས་པ་འདུག ། ཅེས་གསུངས་འདུག     དེ་ལ་གུས་པའི་དོགས་གནས་འགའ་ཞུ་ན། ༡༽  སྟག་ཕུ་རྡོ་རྗེ་འཆང་པདྨ་བཛྲ་མཆོག་གི་གསུང་ཕོན་ཆེན་པར་ཐོག་ནས་བཀོད་མ་ཐུབ་པར་འཕྲོག་བརླག་ཤོར་བར་ནམ་རྒྱུན་ཡོངས་གྲགས་ཞིག་རེད་འདུག ༢༽  སྟག་ཕུ་རྡོ་རྗེ་འཆང་པདྨ་བཛྲ་མཆོག་གི་གསུང་ཡིན་ན་པར་ཐོག་ནས་ཡོད་དགོས་པའི་ངེས་པ་ཨེ་ཡོད་དམ། ༣༽  པར་ཐོག་ནས་མེད་ན་བླ་མ་དེ་དང་དེའི་གསུང་མ་ཡིན་པར་སྒྲུབ་ཐུབ་བམ། ༤༽  ༧སྙན་རྒྱུད་ཀྱི་མན་ངག་མང་པོ་ཞིག་པར་ཐོག་ནས་མ་འཁོད་པར་སྙན་ནས་སྙན་དུ་བརྗོད་དགོས་པའི་དགག་དགོས་མ་མཁྱེན་པ་ནི་ག་ནས་ཡིན། ༥༽  དགེ་ལྡན་སྤྲུལ་པའི་གླེགས་བམ་པར་ཐོག་ནས་ཡོད་པ་ཡིན་ནམ། །

Please support this website by making a donation.
Your contribution goes towards supporting
our work to spread Dorje Shugden across the world.
རྩོམ་བྲིས་མཉམ་སྤྱོད།
རྩོམ་བྲིས་མཉམ་སྤྱོད།
ཁྱེད་རེའི་འགྲེལ་བརྗོད་འདིར་འབུལ།

Please enter your name

Please enter a valid email address

Please enter your message

Show More
Show More
+

(Allowed file types: jpg, jpeg, gif, png, maximum file size: 10MB each)

You can now upload MP4 videos to the comments section. "Choose File" -> click "Upload" then wait while your video is processed. Then copy the link and paste it into the message box. Your video will appear after you submit your comment.
Maximum size is 64MB

རྡོ་རྗེ་ཤུགས་ལྡན་དང་ཏྭ་ལའི་བླ་མ་མཐུན་མོངས་ནས་ནང་ཆོས་དར་སྤེལ་ཞུས་བ། | Terms of Use | Disclaimer

© DorjeShugden.com 2024 | All Rights Reserved