དགེ་བའི་བཤེས་གཉེན་ཆེན་པོ་བཀའ་ཆེན་བློ་བཟང་ཆོས་དར་མཆོག་ནི། བོད་གཙང་ལྷ་རྩེར་སྐུ་འཁྲུངས། དགུང་ལོ་༨་ལ་གདན་ས་བཀྲིས་ལྷུན་གྱི་ཐོས་བསམ་གླིང་གྲྭ་ཚང་དུ་ཆོས་བཞུགས་གནང་ནས་མཁན་རིན་པོ་ཆེ་བཀའ་ཆེན་རྟ་མགྲིན་མཆོག་གི་དྲུང་ནས་དགེ་ཚུལ་གི་སྡོམ་པ་བཞེས། གདན་ས་བཀྲིས་ལྷུན་དུ་ལོ་མང་རིང་མཁས་གྲུབ་བྱེ་བའི་དབུས་སུ་ཡོངས་འཛིན་དམ་པ་བཀའ་ཆེན་རིན་འཛིན་ལགས་དང་རྒན་བློ་བཟང་ཚུལ་ཁྲིམས་ལགས་སོགས་ཀྱི་དྲུང་ནས་མདོ་སྔགས་གཉིས་ལ་གསན་བསམ་རྒྱ་ཆེར་གནང་།
དེ་ནས་ཕྱིས་སུ་བོད་དབུས་ལྷ་སར་གདན་ས་ཆེན་པོ་སེ་ར་བྱེས་སུ་ཆོས་བཞུགས་གནང་ནས་ལོ་༨ ཙམ་རིང་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་རྒྱ་ཆེར་མཛད། དེའི་སྐབས་གང་གིས་དཔེ་ཁྲིད་ཞུ་སའི་ཡོངས་འཛིན་དམ་པ་རྣམས་ཀྱི་མཚན་ནི། རྒན་ངག་དབང་དགེ་འདུན། མཁན་ཟུར་ཐབས་མཁས་ལགས། རྒན་བཟོད་པ་ལགས་སོགས་རེད་འདུག དེ་ནས་སླར་ཡང་བཀྲིས་ལྷུན་ཕེབས་ནས་ལོ་མང་བཞུགས། ༡༩༥༩ལོར་བོད་ནས་རྒྱ་གར་དུ་ཕེབས། རྒྱ་གར་གནས་ཝ་ར་ན་སི། བཀའ་བློན་སྦུག རྡོ་རྗེ་གླིང་། སྒང་ཏོག་སོགས་སུ་བྱ་བྲལ་གྱི་ཚུལ་དུ་བཞུགས། ༧སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ཕྱིས་སུ་བལ་ཡུལ་དུ་ཕེབས་ནས་ཡོལ་མོ་སོགས་གནས་ངེས་མེད་དུ་མཚམས་བསྙེན་སྒྲུབ་ཁོ་ན་གནང་ནས་བཞུགས། ༡༩༩༩ཡས་མས་ནས་ད་བར་བལ་ཡུལ་གཉའ་ནང་འཕེལ་རྒྱས་གླིང་དུ་གཏན་དུ་བཞུགས་གནང་མཛད་ནས་ཉམ་ཆུང་སྦས་པའི་རྣལ་འབྱོར་གྱི་ཚུལ་དུ་བཞུགས། རྒན་དམ་པ་མཆོག་གི་དབང་ལུང་མན་ངག་ཞུས་སའི་བླ་མ་ནི། ༧སྐྱབས་རྗེ་ཕ་བོང་ཁ་པ་བདེ་ཆེན་སྙིང་པོ། ༧སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ། ༧སྐྱབས་རྗེ་གླིང་རིན་པོ་ཆེ། ཟོང་རིན་པོ་ཆེ། ཛེ་སྨད་རིན་པོ་ཆེ། ཕ་ར་རིན་པོ་ཆེ། རྭ་སྟོད་རིན་པོ་ཆེ། པ་གནང་རིན་པོ་ཆེ། གྲྭ་སྒོམ་རིན་པོ་ཆེ། གྲུབ་དབང་གངས་ཅན་རིན་པོ་ཆེ་སོགས་དགའ་ལྡན་བསྟན་པའི་སྲོག་ཤིང་བསྟན་འཛིན་སྐྱེ་བོ་དེ་དག་གི་དྲུང་ནས་མདོ་བསྔགས་གཉིས་ཀྱི་བཀའ་ཆོས་མང་པོ་ཞུས། ཕྱི་ལོ་༢༠༡༥ལོར་འཕགས་ཡུལ་གྱི་གདན་ས་ཆེན་པོ་སེར་སྤོམ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་ཆེན་རྡོ་རྗེ་འཆང་༧སྐྱབས་རྗེ་ཡོངས་རྒྱ་རིན་པོ་ཆེའི་དགོངས་པ་ལྟར་དམ་པ་མང་པོས་ཆོས་འཁོར་རྒྱ་ཆེར་སྐོར་བའི་གནས་མཆོག་བལ་ཡུལ་འཕེལ་རྒྱལ་གླིང་གྲྭ་ཚང་དུ་རྒྱ་ནག་གནས་བཞུགས་དགེ་བཤེས་བསྟན་འཛིན་དཔལ་མཆོག་མཆོག་དང་ཁོང་གི་སློབ་མ་ཚོ། རྒྱ་གར་དང་བལ་ཡུལ་གནས་སྡོད་དགེ་འདུན་པ་སོགས་ལ་༧སྐྱབས་རྗེ་རྣམ་པའི་ཞལ་ནས་དངོས་སུ་ཐོབ་པའི་ཉེ་རྒྱུད་ཀྱི་མན་ངག་གཙང་མ་རྒྱ་ཆེར་སྤེལ། དེ་རིང་ཕྱི་ལོ་༢༠༡༦ཟླ་༧ཚེས་༡༠ཉིན་ཏེ་རྒན་རིན་པོ་ཆེ་བཀའ་ཆེན་བློ་བཟང་ཆོས་དར་མཆོག་བོད་ལུགས་ལྟར་ཟླ་ལྷག་སོགས་སྡོམ་ན་དགུང་ལོ་བརྒྱ་དང་གཅིག་འཁོར་བའི་འཁྲུངས་སྐར་གྱི་ཉིན་མོར་རྒན་རིན་པོ་ཆེའི་རྣམ་ཐར་མདོར་བསྡུ་ཞིག་དད་པའི་ས་བོན་གྱི་ཚུལ་དུ་བཀོད་པའོ། ། དགེ་བས་དཔལ་ལྡན་བླ་མའི་སྐུ་ཚེ་བརྟན། །མཁས་བཙུན་བསྟན་འཛིན་དམ་པས་ས་སྟེང་གང་། །༧སྙན་རྒྱུད་སྦྱིན་བདག་མངའ་ཐང་དར་བ་ཡིས། །༧སྙན་རྒྱུད་གཙང་མའི་རྒྱུད་པ་རྒྱལ་འགྱུར་ཅིག །