ཕྱི་ལོ་༢༠༡༦ ཟླ་༩ ཚེས་༡ ཉིན་རིགས་བརྒྱའི་ཁྱབ་བདག་འཁོར་ལོ་མགོན་པོ་༧སྐྱབས་རྗེ་ཁྲི་བྱང་མཆོག་སྤྲུལ་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་མཆོག་སུད་སི་རབ་བརྟན་ཆོས་གླིང་ཆོས་ཚོགས་སུ་ཞབས་སོར་བདེ་བར་འཁོད་འདུག
༧སྐྱབས་རྗེ་ཁྲི་བྱང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་རབ་བརྟན་ཆོས་གླིང་དུ་༧སྐྱབས་རྗེ་རྣམ་པར་དད་པ་དང་དམ་ཚིག་ལ་འགྱུར་བ་མེད་པའི་སུད་སི་གནས་བཞུགས་སྐུ་ཞབས་དགོན་པ་གསར་རིན་པོ་ཆེ་དང་། དགེ་བཤེས་རབ་བརྟན་གྱི་ཡང་སྲིད་རིན་པོ་ཆེ། དགེ་བའི་བཤེས་གཉེན་ཆེན་པོ་རྒན་ལམ་རིམ་པ་རྗེ་བཙུན་ཐུབ་བསྟན་འཕྲིན་ལས་དཔལ་བཟང་པོ་མཆོག །ཨི་ཊཱ་ལིག་གནས་བཞུགས་གྲུབ་དབང་གངས་ཅན་རིན་པོ་ཆེ་མཆོག་དང་། སེར་སྤོམ་གྲུབ་ཆེན་རིན་པོ་ཆེ། ཇར་མ་ནི་གནས་བཞུགས་སྤང་ལུང་རིན་པོ་ཆེ། རྒྱ་གར་གནས་བཞུགས་ཤར་དགའ་ལྡན་གྱི་མཁན་ཟུར་རིན་པོ་ཆེ་བློ་བཟང་ཕན་བདེ་མཆོག་དང་། དྲོ་མོ་དགེ་བཤེས་ཀྱི་ཡང་སྲིད་རིན་པོ་ཆེ། རྒྱ་ནག་གནས་བཞུགས་དགེ་བའི་བཤེས་གཉེན་ཆེན་པོ་དགེ་བཤེས་བསྟན་འཛིན་དཔལ་མཆོག་སོགས་ཀྱི་གཙོས་པའི་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་སེར་སྐྱ་བརྒྱ་ཕྲག་འགའ་ལ་ཚེས་༢ ཉིན་སྟ་གོན་དང་ཚེས་༣ དང་༤ ལ་དཔལ་འཁོར་ལོ་བདེ་མཆོག་དྲིལ་བུ་ལྷ་ལྔ་དང་དྲིལ་བུ་ལུས་དཀྱིལ་གྱི་དབང་ཆེན་བསྩལ་གནང་འདུག །ཕྱི་ཚེས་༥ ཉིན་རབ་བརྟན་ཆོས་ཚོགས་ཁག་དང་ཡུ་རོབ་ཤུགས་ལྡན་ཚོགས་པ་ཡུ་རོབ་ཆ་ཕྲེང་སྤུན་ཟླ་ཚོགས་པ་བཅས་ནས་བླ་མཆོད་ཚོགས་འཁོར་དང་འབྲེལ་བའི་མཁའ་འགྲོའི་བརྟན་བཞུགས་ཟབ་རྒྱས་ཕུལ། རེ་གཟའ་སྤེན་པ་ནས་ཨོ་སུ་ཁྲི་རི་ཡ་བཀྲ་ཤིས་རབ་བརྟན་དུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་དབང་དང་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་ཚེ་དབང་བཅས་བསྩལ་གནང་འདུག །ཕྱི་ཚེས་༡༦ ཉིན་ཨི་ཊཱ་ལིག་གྲུབ་དབང་གངས་ཅན་རིན་པོ་ཆེའི་ཚོགས་ལ་ཆིབས་སྒྱུར་གནང་། ད་ལྟར་ཨི་ཊཱ་ལིག་ཏུ་གྲུབ་དབང་གངས་ཅན་རིན་ཆེ་མཆོག་གི་ཆོས་ཚོགས་ཁག་ལ་ཆོས་ཀྱི་མཛད་འཕྲིན་བསྐྱངས་བཞིན་འདུག །